འཆར་སྣང་།
གཞུང་གི་རྒྱུ་དངོས་ཚུ་མི་ཉམས་རྒྱུན་སྐྱོང་དང་སྔར་སྲོལ་ལག་ལེན་གོང་འཕེལ་ཐོག་ལས་ཐོ་བཀོད་འཛིན་སྐྱོང་འབད་ནི་དང་སྤུས་ཚད་ལྡན་པའི་བྱུང་རབས་ཅན་གྱི་དངོས་པོ་ཚུ་ཡང་དག་པའི་མཁོ་སྒྲུབ་ཀྱི་སྲིད་བྱུས་བཞག་ནི་ཨིན།
དམིགས་སྐྱེད།
གཞུང་གི་རྒྱུ་དངོས་ཚུ་ག་ར་ འཇོན་དྲགས་ཅན་སྦེ་འཛིན་སྐྱོང་དང་བདག་འཛིན་འཐབ་ནི། བཟོ་བའི་རིག་རྩལ་སྣ་ཚོགས་བཟོ་ནི་དང་ལག་བཟོ་ཚུ་མི་ཉམས་རྒྱུན་སྐྱོང་དང་གོང་འཕེལ་གཏང་ནི། ཅ་ཆས་ཐོ་གཞུང་ལྟེ་བ་གཞི་བཙུགས། མཁོ་སྒྲུབ་སྲིད་བྱུས་དང་སྒྲིག་གཞི་གསར་བཟོ་འབད་ནི་དང་ གཞུང་གི་མཁོ་སྒྲུབ་དོན་ལུ་ སྲིད་བྱུས་ཡང་དག་དང་ ལག་ལེན་དྲག་ཤོས་ཅིག་གཞི་བཙུགས་འབད་ཡོདཔ་ངེས་བརྟན་བཟོ་ཐབས་ལུ་ཁྱད་རིག་དང་ལྡན་ནི་དང་ རྒྱལ་ཡོངས་དུས་སྟོན་ཚུ་གི་དོན་ལུ་ བཅའ་སྒྲིག་གི་ཞབས་ཏོག་ཚུ་བྱིན་ནི་ཚུ་ཨིན།
དམིགས་ཡུལ།
- གཞུང་གི་རྒྱུ་དངོས་ཚུ་ཚུལ་མཐུན་ཐོག་ལས་བདག་འཛིན་འབད་ནི་དང་རྒྱུ་དངོས་ཚུ་ འབྱང་སྟོར་ཤོར་ནི་ལས་བཀག་ནི།
- གཞུང་གི་རྒྱུ་དངོས་ཚུ་རྒྱལ་ཁབ་མཐའ་དབུས་མེད་པར་ཐོ་བཀོད་འབད་དེ་རྒྱུན་སྐྱོང་འབད་ནི།
- དགོས་མཁོ་མེད་པའི་གཞུང་གི་རྒྱུ་དངོས་ཚུ་དུས་ཐོག་ལུ་རིན་བསྡུར་ཐོག་ལས་མཐའ་ཏོག་འབད་དེ་གཞུང་ལུ་འོང་འབབ་བཟོ་ནི།
- མཁོ་སྒྲུབ་ལམ་སྟོན་ལེགས་བཅོས་འབད་ནི་དང་མཁོ་སྒྲུབ་བྱ་རིམ་གྱི་ལྕོགས་གྲུབ་ཡར་དྲག་གཏང་ནི།
- མཁོ་སྒྲུབ་ལྟེ་བའི་ཐོག་ལས་ གཞུང་གི་ཟད་འགྲོ་མར་ཕབ་འབད་ཚུགས་ནི།
- དངོས་ཡོད་ཀྱི་སའི་རྒུད་འཐུས་ཀྱི་གོང་ཚད་བཙུགས་ནི། ཤིང་འབྲས་ཤིང་དང་ལོ་ཐོག་གི་རྒུད་འཐུས་གོང་ཚད་གཏན་འཁེལ་བཟོ་ནི།
- སྔར་སྲོལ་གྱི་ལག་བཟོ་( ལྷ་བྲིས་སྤྲོས་རྐོ་འཇིམ་བཟོ་ ཚེམ་དྲུབ་ པ་ཏྲ་ དང་ ལུགས་བཟོ)ཁྱབ་སྤེལ་འབད་ནི་དང་ཡུན་དུ་གནས་ཡོདཔ་ངེས་བརྟན་བཟོ་ནི།
ཐབས་ཤེས།
- ལག་ལེན་འཐབ་འཇམ་པའི་ཡོངས་འབྲེལ་ལུ་གཞིར་བཞག་གི་ ཐོ་གཞུང་རིམ་ལུགས་ལྟེ་བ་བཟོ་ནི།
- རྒྱུ་དངོས་གནས་སྡུད་བསྡུ་ལེན་དང་བདེན་སྦྱོར་གྱི་དོན་ལུ་གཞུང་གི་ལས་སྡེ་ཡོངས་དང་མཉམ་འབྲེལ་ཡར་དྲགས་གཏང་ནི།
- སྔོན་འགོག་རྒྱུན་སྐྱོང་ལས་རིམ་བཟོ་ནི།
- ལྕོགས་གྲུབ་ཡར་དྲག་དང་ མཁོ་ཆས་ ལཱ་ཆས་ཚུ་ལེགས་ཤོམ་བྱིན་ནི་དང་གཅིག་ཁར་ལས་གཡོགཔ་ཚུ་གི་ ལཱ་གི་ནུས་ཤུགས་ཡར་དྲག་གཏང་ནི།
- ཞིབ་འཚོལ་འགོ་འདྲེན་འཐབ་ནི་དང་རྒུད་འཐུས་གོང་ཚད་དབྱེ་ཞིབ་འབད་ནི།
- མཁོ་སྒྲུབ་བྱ་རིམ་ཐོག་ལུ་སྦྱོང་བརྡར་འབད་ནི་དང་ གློག་འབྲེལ་མཁོ་སྒྲུབ་རིམ་ལུགས་གསར་བཟོ་འབད་ནི།
- ཞིབ་འཚོལ་འགོ་འདྲེན་འཐབ་ནི་དང་མཁོ་སྒྲུབ་ལྟེ་བ་འཛིན་སྐྱོང་འབད་ནི།
- སྔར་སྲོལ་རིག་རྩལ་དང་ཐོན་དངོས་སྣ་ཚོགས་ཚུ་ཡར་དྲག་གཏང་ནིའི་དོན་ལུ་ ལཱ་གི་བྱཱ་རིམ་ཚུ་འཕྲུལ་སྒྱུར་འབད་ནི།
འདུས་ཚོགས་སྒྲིག་བཀོད།
སྡེ་ཚན།
བདག་སྐྱོང་ཞབས་ཏོག་སྡེ་ཚན།
བདག་སྐྱོང་ཞབས་ཏོག་སྡེ་ཚན་ལུ་ ལས་ཚན་གསུམ་ཡོདཔ་ཨིན། དེ་ཡང་ བདག་སྐྱོང་ལཱ་འབད་ནིའི་དོན་ལུ་ བདག་སྐྱོང་ལས་ཚན། དངུལ་འབྲེལ་ལཱ་འབད་ནིའི་དོན་ལུ་ དངུལ་རྩིས་ལས་ཚན། རྒྱལ་ཡོངས་དུས་སྟོན་ག་ར་ དང་ཞལ་འཛོམས་ཚུ་གི་དོན་ལུ་བཅའ་སྒྲིག་དང་ མཛོད་གཉེར་ལས་ཚན།
གཞུང་གི་མཁོ་སྒྲུབ་དང་རྒྱུ་དངོས་འཛིན་སྐྱོང་སྡེ་ཚན།
གཞུང་གི་མཁོ་སྒྲུབ་དང་རྒྱུ་དངོས་འཛིན་སྐྱོང་སྡེ་ཚན་འདི་རྒྱལ་ཡོངས་གཞུང་ཆས་ལས་ཁུངས་འོག་ལུ་སྦེ་སྤྱི་ལོ་༢༠༡༡ སྤྱི་ཟླ་༢ པའི་སྤྱི་ཚེས་༢༤ ལུ་ལྷན་རྒྱས་གཞུང་ཚོགས་ཐེང་ ༩༢ པ་ཚོགས་པའི་སྐབས་ལྷན་རྒྱས་གཞུང་ཚོགས་ཀྱི་བཀའ་རྒྱ་དང་འཁྲིལ་གཞི་བཙུགས་གནང་ནུག། སྡེ་ཚན་འདི་གི་འོག་ལུ་ལས་ཚན་ ༣ ཡོདཔ་དང་ དེ་ཡང་ཞིབ་འཚོལ་སྡེ་ཕྲན། མཁོ་སྒྲུབ་སྡེ་ཕྲན། རིན་བསྡུར་དང་ཐོ་བཀོད་སྡེ་ཕྲན། སྡེ་ཚན་འདི་གི་འགན་དབང་ངོ་མ་རང་ ལས་ཚབ་སྣ་ཚོགས་ཀྱིས་མཁོ་སྒྲུབ་ལག་ལེན་གུར་ཞིབ་འཚོལ་འགོ་འདྲེན་འཐབ་ནི་དང་འཇོན་དྲགས་ཅན་གྱི་མཁོ་སྒྲུབ་ཐབས་ལམ་ལེ་ཤ་ངོ་སྤྲོད་འབད་ནི་ཐོག་ལུ་འཚོལ་ཞིབ་འབད་ནི་དང་ ངེས་པར་མཁོ་བའི་ཅ་དངོས་དང་ཞབས་ཏོག་ཚུ་བྱིན་ནི་ཨིན། དེ་མ་ཚད་སྡེ་ཚན་འདི་གིས་མཁོ་སྒྲུབ་གཙོ་བོ་ཁོ་ར་ཡང་ན་གཞུང་གི་མཁས་མཆོག་ལས་ཚབ་ཚུ་གིས་སྦེ་འགན་དབང་ལེན་ནི་དང་ འབྲེལ་བ་ག་ཏེ་ཡོད་ས་ལས་ ཐད་ཀར་བཟོ་སྐྲུན་འབད་མི་ལས་མཁོ་སྒྲུབ་འབད་ནི།
རིན་བསྡུར་དང་ཐོ་བཀོད་ལས་ཚན།
ལས་ཚན་འདི་གིས་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཀྱི་དམིགས་ཡུལ་གཙོ་བོ་གཅིག་ཨིན་མི་གཞུང་གི་རྒྱུ་དངོས་ཚུ་ཡུན་བརྟན་སྦེ་ཐོ་བཀོད་འབད་ནི། ལས་ཚན་འདི་གི་འོག་ལུ་སྡེ་ཕྲན་གཉིས་ཡོད་མི་དེ་ཡང་ ཐོ་གཞུང་ལྟེ་བ་འཛིན་སྐྱོང་གི་གན་ཁུར་ཚུ་འབག་མི་ བརྡ་དོན་འཕྲུལ་རིག་གི་ལས་བྱེདཔ་ཚུ་ཡོད་པའི་ ཐོ་བཀོད་སྡེ་ཕྲན། གཞན་མི་འདི་ རྩིས་སྤྲོད་འབད་མི་གཞུང་གི་རྒྱུ་དངོས་ཚུ་ཕྱིར་བཤུད་འབད་ནིའི་འགན་ཁུར་འབག་མི་རིན་བསྡུར་སྡེ་ཕྲན་ཨིན། དེ་འབདཝ་ལས་ལས་ཚན་འདི་གིས་ཨ་རྟག་ར་རིན་བསྡུར་ཚུ་འབད་དེ་ རྩིས་སྤྲོད་འབད་མི་གཞུང་གི་རྒྱུ་དངོས་ཚུ་བཙོང་སྟེ་ གཞུང་ལུ་འོང་འབབ་བཟོ་ནི་དང་ འབོ་བཏང་བའི་རྒྱུ་དངོས་ཚུ་མ་འོང་པའི་རྒྱབ་རྟེན་དོན་ལུ་ཐོ་བཀོད་བཞགཔ་ཨིན།
ཉམས་བཅོས་དང་རྒྱུན་སྐྱོང་སྡེ་ཚན།
ཉམས་བཅོས་དང་རྒྱུན་སྐྱོང་སྡེ་ཚན་གྱིས་ རྒྱལ་ཡོངས་ཚོགས་ཁང་དང་ རྒྱལ་ཡོངས་ཚོགས་སྟོན་ཁང་ལྷན་རྒྱས་གདན་ས་རྒྱལ་ཁམས་ཀྱི་སྐུ་མགྲོན་ཁང་ཚུ་བརྩིས་པའི་ཐིམ་ཕུག་ལུ་ཡོད་པའི་གཞུང་གི་སྒྲིང་ཁྱིམ་ཡིག་ཚང་གི་ངེས་བདེན་རྒྱུན་སྐྱོང་ལཱ་ག་ར་འབདཝ་ཨིན།
ཉམས་བཅོས་དང་རྒྱུན་སྐྱོང་སྡེ་ཚན་ནང་ཤིང་བཟོ་ ཆུ་དུང་བཅོས་མི་ རྡོ་བཟོཔ་ གློག་མེ་བཟོ་མི་ ལྡུམ་ར་གཉེརཔ་ དང་ ལག་ཐོག་གི་ལཱ་འབད་ནི་རྒྱབ་སྐྱོར་པ་ཚུ་བརྩིས་ཏེ་བཟོ་རིག་དང་གློག་རིག་གི་ལས་གཡོགཔ་ཡོདཔ་ཨིན།
ཉམས་བཅོས་དང་རྒྱུན་སྐྱོང་སྡེ་ཚན་འདི་གི་རྒྱལ་ཡོངས་ཚོགས་ཁང་དང་ལྷན་རྒྱས་གདན་ས་གཉིས་བརྩིས་ཏེ་ངོ་རྟགས་སོ་སོ་འཛིན་སྐྱོང་འབདཝ་ཨིན།ཉམས་བཅོས་དང་རྒྱུན་སྐྱོང་སྡེ་ཚན་གྱིས་ད་རུང་དགོས་མཁོ་དང་བསྟུན་ རྒྱུན་སྐྱོང་གི་ལཱ་དང་འབྲེལ་བཟོ་སྐྲུན་ཆུང་ཀུ་གི་རྒྱ་སྐྱེད་ལཱ་ཡང་འབདཝ་ཨིན།
ལག་ཤེས་སྒྱུ་རྩལ་དང་ལག་བཟོ་སྡེ་ཚན།
ལག་ཤེས་སྒྱུ་རྩལ་དང་ལག་བཟོ་སྡེ་ཚན་འདི་ དངུལ་རྩིས་ལྷན་ཁག་གཞི་བཙུགས་འབད་བའི་སྐབས་ལས་རང་མེད་དུ་མི་རུང་བའི་ཆ་ཤས་གཅིག་ཨིན་མས།དེ་ཡང་སྤྱི་ལོ་ ༡༩༩༩ལས་རང་རྒྱལ་ཡོངས་གཞུང་ཆས་ལས་ཁུངས་དང་གཅིག་ཁར་བསྡབ་ནུག།
དེ་ནང་ སྔར་སྲོལ་བྱུང་རབས་ཅན་གྱི་དངོས་པོ་ཚུ་བཟོ་སྐྲུན་འབད་ནི་དང་གཞུང་གི་སྔར་སྲོལ་ཅ་དངོས་དགོས་མཁོ་ཚུ་གྲུབ་ཐབས་ལུ་ ལག་ཤེསཔ་སྣ་ཚོགས་གྲལ་གཏོགས་ཡོདཔ་ཨིན། དེང་སང་གི་འགྱུར་བ་ཚུ་གིས་ རིམ་གྱིས་སྦེ་འབྲུག་པའི་མི་ཚེའི་ཁྱད་ཆོས་ག་རའི་ནང་འགྱུར་བ་འགྱོ་དོ་ཡོདཔ་ལས་ སྡེ་ཚན་འདི་ དེ་ཚུ་ ཉམས་ནི་དང་ཡལ་མ་བཅུག་པར་བཞག་ནིའི་དོན་ལུ་ གནམ་མེད་ས་མེད་དྲནམ་བཏོན་དགོཔ་འདི་ ག་ནི་ལས་ཡང་ གལ་ཅན་ཅིག་ཡོདཔ་ཨིན། སྡེ་ཚན་འདི་ནང་ དམིགས་བསལ་རང་དང་འཁྲིལ་བའི་ལཱ་ཚུ་འབད་མི་ གཤམ་གསལ་གྱི་ལས་ཚན་ཚུ་ཡོདཔ་ཨིན།
- ལྡེབས་རིས་དང་འཇིམ་བཟོ་ལས་ཚན།
- སྤྲོས་རྐོཔ་ལས་ཚན།
- ལི་ལུགས་ལས་ཚན།
- ཚེམ་དྲུབ་ལས་ཚན།
4,437 ཡོངས་བསྡོམས་བལྟ་མི།, 3 ད་རིས་བལྟ་མི།